Thursday, October 23, 2008

གོམ་བགྲོད་ནས་ཕྱིར་ལོག་རྗེས།

ཡོད་ཚད་འདི་ལྟར་འདུས་ རྗེས་སླར་ཡང་གྱེས་འགྲོ་བ་ནི། ལས་དབང་གི་གནས་ལུགས་ངོ་མ་མིན་ནམ།

Sunday, October 19, 2008

འཁྱགས་པའི་ལོ་ཟླ།


རི་བོའི་གྲིབ་མ་གདོང་ལ་བཟུང་ནས་ས་སྲོད་མྱ་ ངན་སེམས་ཀྱིས་བསྲུངས།

ལོག་མལ་ཞིག་གི་དྲོད་ཁོལ་བཙལ་བས་མྱ་ངམ་ཐང་ནས་གོམ་ཁ་འཁྱོར།།

བད་དཀར་སྙིང་ལ་ཞི་བར་མི་འདོད་རྩེ་མོ་ཅན་གྱི་རེག་བྱ་ཡིས།།

ཐལ་དུ་བསྲེགས་པའི་སྙིང་རུས་དག་གིས་མིག་མཐའི་མཆི་མ་གསང་བས་འཐུང༌།།

བུ་ཆུང་དོན་འགྲུབ་རྒྱང་དུ་བཞུད་པས་ཨ་མས་མིག་ཟུང་གཙང་བོས་བཀྲུས།།

མ་བུའི་བར་ཐག་མཚོན་གྱིས་བཅད་པས་སྡུག་གི་ལོ་ཟླ་དལ་གྱིས་སོང༌།།

རི་བོའི་ཟེ་བ་འཕྲེད་ཀྱིས་གཏུབ་པའི་འབྲོང་བུའི་ལམ་གྱི་ཁུགས་སོ་ནས།།

ལམ་ཡིག་མེད་པའི་མགྲོན་པོ་སྟོང་གི་ཕྱི་མིག་གླེང་བྱ་གཅིག་ལ་བབས།།

དམ་བེའི་ནང་གི་ཆང་དཀར་ཟབ་མོ་གངས་རིའི་མདངས་བརྩེ་བས་ཐིམ།།

དུག་སྤྲིན་ནག་པོ་ཕན་འདོགས་ཟོལ་གྱིས་ཁ་བ་རི་བོའི་དཔལ་འཇབ།།

རྨུ་ཐག་རིང་མོའི་གནའ་སྒྲུང་སྣེ་ལ་མུ་འབྲེལ་ཟློས་གར་འཁྲབ་བྱས་ཏེ།།

ས་ཆེན་འགྲམ་པའི་གཡས་གཡོན་ཟུང་ནས་རྨི་ལམ་ལྟ་བྱེད་དཔྱིད་ཅེར།།

ཆུ་ཆེན་མདུན་ལ་རི་བོ་བསྙལ་བས་ལོ་མས་མྱ་ངན་རླུང་ལ་བསྐུར།།

ལྕགས་ཚེར་རི་མོ་ས་ལ་བྲིས་པས་དུད་འགྲོའི་རྣམ་ཤེས་བཙོན་དུ་ལྷུང༌།།

ཐང་སྟོང་རླུང་བུས་ངུ་ཤུམ་འཐེན་ཞོར་སྔོ་བསང་མཛའ་མོའི་བཞིན་རས་ལ།།

ཉིང་ཁུ་ཤོར་བའི་རོ་མ་འབུམ་གྱི་ཕུ་སྔགས་བཏབ་པས་རང་བྱུང་རྒུད།།

སྐར་མ་བསྒྲིགས་པའི་གཞུང་ལམ་དམར་བོ་ཉི་མའི་ཞིང་ན་འོད་རྫུ།།

ཉི་ཟླ་ཕེབས་པའི་ནམ་མཁའ་ཡངས་པོ་རེ་ཞིག་སྤྲིན་པ་ནག་པོས་བསྒྲིབས།།

སྤྱན་ཆབ་རྡོག་པོ་ཟུང་ལས་ལྷུང་བའི་སྒྲོལ་མ་དག་གི་འཛུམ་ཞལ་ཡང༌།།

ཆུ་ལྷའི་གྲོང་ལ་གྲོང་ལ་མེ་ཏོག་བཞིན་དུ་སྦྲང་རྩིའི་བདག་པོ་འཚོལ་ལ་སྐྱེས།།

རང་བདེ་བོར་དར་ལྕོག་དཀར་བོ་ས་གཞི་ཆེད་དུ་རླུང་གིས་ཟད།།

ཕྱྭ་གཡང་སྒྲོག་པའི་རླུང་རྟ་ལེབ་མོ་ཁ་ཕྱོགས་སྟོང་བའི་འཚུབ་མར་ཞོན།།

སྨྱུག་གླིང་སྦུབས་ཀྱི་དབྱངས་རྟ་སྙི་མོ་རེ་ཞིག་མགྲིན་པའི་རི་སུལ་ནས།།

རྡོ་དང་བྲག་བརྒྱུད་པར་ཚོར་བའི་སེམས་ཤིག་ཨེ་ཡོད་སྒུག།

Saturday, October 18, 2008

རི་གྲོང་གི་འཚོ་བ།


སྒྲོལ་མ་དྲན་པའི་ལེའུ།

ས་སྲོད་ཀྱི་ལེའུ།
ཉིན་ཞག་མང་བོ་ཞིག་ལ་དྲན་གདུང་གིས་ལྟེབ་རྩེག་བརྒྱབ་ཅིང༌། སྨྲེང་བ་གང་མང་ཞིག་གི་ཕྱི་ནང་མིག་ཆུས་བརྟོལ། གླེང་འདོད་པའི་སྙིང་གཏམ་མཐའ་དག་སྡུག་ཡུས་མཚོན་བྱེད་ཀྱི་ཨག་ཚོམ་དང་ཁ་སྤུ་ལ་སྐྱེས་བྱུང༌། འདི་ལྟར། སྙན་ངག་པ་ཞིག་གི་ངོ་གདོང་ལ་བབས་པའི་ལོ་ཟླའི་གྲངས་རིས་མང་བོ། རྩིག་སྡེབས་ཀྱི་མེ་ལོང་ནང་དུ་དེ་རིང་གཞི་ནས་གསལ། སྒྲོལ་མ། ས་ཆེན་ལ་གྲིབ་མ་བསླེབས་ཤིང༌། བྱ་ཆེན་ཚོས་ཚང་མལ་སྙེག་དུས་ནི། ངས་ཁྱེད་རང་དྲན་པའི་ས་སྲོད་དག་ཡིན།
རྨི་ལམ་གྱི་ལེའུ།
དབྱར་དགུན་རེས་མོས་སུ་འཁོར་བས། རི་གྲོང་དུ་ཡང་བསྐྱར་ལྗང་མདོག་གི་གསོན་ཤུགས་རྒྱས། འདི་ནི་དུས་ཚིགས་ཤིག་གིས་ཆེད་དུ་བཤམས་པའི་དབྱར་གནང་གི་དགའ་སྟོན་མྱོང་བའི་སློབ་མ་ཚོའི་ཁོག་གི་བརྩེ་འདང་འདྲ། སྒྲོལ་མ། སྦྲང་ཆར་གྱིས་མེ་ཏོག་གཤེར་ཞིང༌། མེ་ཏོག་གིས་མཛེས་སྡུག་གྱོན་པའི་དུས་ཚིགས་འདི། ངུས་མ་མྱོང་བའི་མིག་ཆུས་བརླན་ཏེ་འཇའ་ཚོན་ལ་བསླེས་པའི་རྨི་ལམ་གྱི་ཁ་དོག་ཡིན།
ཕྱིར་དྲན་གྱི་ལེའུ།
རྟོག་ལྗོངས་ལྗང་ཁུ་ཞིག་གི་སྣང་བརྙན་མཐའ་དག་བཟི་བར་གྱུར་རྗེས། ལོགས་ཀྱི་བུ་མོ་དེར་ཁུ་ཚུར་གྱིས་ཡང་གཞུ་བྱས་པའི་ན་ཟུག ང་ཁོ་ནའི་སྙིང་རུས་ལ་བབས་བྱུང༌། སྒྲོལ་མ། འོ་ཇ་ཀར་ཡོལ་གང་ལ་ཕྱིར་དྲན་ཐེངས་གཅིག་གསོས་དང༌། ཁྱེད་རང་སུ་ཞིག་གི་ན་ཟུག་ཡིན་པ་གཞི་ནས་རྟོགས་ཐུབ།

ཆང་ཁང་གི་ལེའུ་དམར་བོ།


མཚམས་སྤྲིན་འདིའི་རྐྱེན་གྱིས་ཡིན་ ནམ་ཅི། ཕྱི་དྲོའི་འཇིག་རྟེན་འདི་ཁྲག་མདོག་གིས་གཡོགས་འདུག ལོ་མ་སེར་བོ་དག་གི་ཆིབས་རྟ་རུ་གྱུར་པའི་རླུང་བུ་འཇམ་པོས་ན་ཆུང་མ་སུ་ཞིག་གིས་སྤྲད་པའི་བརྩེ་བ་བཞིན། ལྭ་རིང་གྱོན་པའི་ཕོ་རྒོད་ཁེར་རྐྱང་དེའི་གདོང་ལ་མཆུ་སྦྱོར་ཡང་ཡང་བྱས།
སྐབས་དེར་ཁོས་མཚམས་སྤྲིན་དེའི་འོད་ཟེར་འགོག་ཕྱིར་རྩི་ཞྭ་སྐྱ་བོ་ཐོད་ཁར་འཐེན་ཙམ་བྱེད་ཞོར་དངན་པ་ཤོར།
ཁ་ཕྱིར་འཁོར་དེ་རང་ཉིད་ཀྱི་རྐང་རྗེས་ལ་ཚང་རྩི་བྱེད་དུས།རྐང་རྗེས་ཀྱི་སྣེ་མོ་ཟུག་སའི་གྲོང་ཚོ་དེ་ནི་སྔར་བཞིན་ར་གཟི་བ་མང་བོ་ཞིག་གི་བསྟི་ གནས་སུ་གྱུར་འདུག གྲོང་ཚོ་དེ་ནི་ཁོའི་ཕ་ཡུལ་ཡིན། ཁོས་ཆང་འཐུང་ཤེས་པ་ནས་བཟུང་ཆང་ཁང་ཞིག་ལ་འཕྲིན་པ་མང་བོ་ སྤྲིངས། མཐར་ཁོའི་འདོད་པ་བཞིན་ཆང་དཀར་ལ་མོས་པའི་བུ་མོ་ཞིག་གི་ཁོ་ལ་ མགྲོན་ཤོག་བཏང་བྱུང་བས།ནུབ་མོ་དེར་ཟླ་བའི་འོད་ངོགས་ནས་ཁོ་ཆང་ ཁང་ཞིག་གི་མགྲོན་པོར་ཆས། ཡིན་ཡང༌། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཆང་ཁང་གི་གཡས་ནས་མེ་རི་འབར་ ཞིང༌། གཡོན་ནས་ཚེར་མ་གཟེངས། མཐའ་བསྐོར་བའི་ཚེར་མ་ནི་གཤིན་རྗེ་ལས་མཁན་དང༌། ཉེ་འགྲམ་གྱི་མེ་དཔུང་ནི་ཚ་བའི་དམྱལ་ཁམས་ཡིན་ཟེར། སྐད་ཆ་དེ་དག་ལ་བདེན་ཤས་ཧ་ཅང་ཆེ། ཆང་ཁང་གི་འཁྲབ་ཚན་རེ་རེ་ལ་ཡིག་འབྲུ་དམར་བོ་འགས་རྫོགས་ཚིག་ བཀོད་འོང༌།
སྨག་ཧ་ཅང་ནག་པས་མུན་པ་འདིས་ཆེད་དུ་སུ་ཞིག་གི་གསང་བ་ལ་རམ་འདེགས་བྱེད་ཀྱི་ཡོད་ངེས། གྲོང་ཚོ་ཕར་རྒྱབ་ཀྱི་སྡོང་རའི་ནང་དུ་གཞོན་ནུ་མ་ཞིག་གི་སྐྲ་ལོ་རླུང་གིས་སྐྱོད་ཀྱིན་འདུག མོ་ལ་ཁྲག་གི་མིག་ཆུ་བཞུར་བ་མིན་ན་ཅིའི་ཕྱིར་མིག་ཆུའི་འཕྲིན་པ་འདི་གཅིག་པུ་དམར་བོ་ཡིན་དགོས། ནམ་ཞིག་ཆང་ཁང་གི་ལེའུ་ཀློག་མཁན་དེ་འདིར་རུ་སླེབས་ཚེ། ཁྱོད་ཀྱི་སྤར་ནང་དུ་འཆང་བའི་ཁྲག་འཕྲིན་དམར་བོ་ནི་ཐོག་མར་ཀློག་ ངེས་ཡིན།
མུན་པ་དང་སྡོང་ར་འདིས་འཇིག་རྟེན་འདི་ནས་ཅི་ཞིག་ལ་གཏན་དུ་སྐྱེལ་མ་བྱས་རྗེས། ཆེས་འཇིགས་རུང་གི་ལྷིང་འཇགས་ཤིག་ཏུ་གྱུར་ཏེ་སང་ཉིན་ལ་སྒུག་འདུག མདང་དགོང་བབས་པའི་ཁ་བ་དེས་སུ་ཞིག་གི་གསང་བ་བརྟོལ་འདུག གྲོང་ཚོའི་ལྟག་རྒྱབ་ན་རྐང་རྗེས་འཁྱར་འཁྱོར་ཞིག་འཐེན་ཡོད་ལ། རྐང་རྗེས་དག་གི་འཁྱོར་ཚུལ་བལྟས་ན་ར་གཟི་བ་ཞིག་གི་སོང་ཤུལ་ཡིན་པ་ཤེས་ཐུབ། དོན་ངོ་མར་གང་ཞིག་ཏུ་སོང་བ་ནི་རེ་ཞིག་སུས་ཀྱང་རྟོགས་པར་དཀའ། སྡོ་གསེབ་ཏུ་རླུང་གཡུགས་པའི་སྒྲ་དབྱངས་ཤིག་འཕྱུར་བཞིན་འདུག འདི་ནི་ཆང་ཁང་གསར་རྙིང་ཞིག་གི་བར་ལ་བཀོད་པའི་དབུ་ཁྱུད་དང་ རྫོགས་ཚིག་གི་ལེའུ་དམར་བོའི་རོལ་དབྱངས་ཐོག་མ་ཡིན།

ས་མཐའི་ལྷན་འཛོམས།


འདི་ལས་དབང་གིས་བཀོད་སྒྲིག་མ་ཡིན་ནམ།

Thursday, October 16, 2008

ཁྱོད་ཀྱིས་ཤེས་སམ།

རང་ཉིད་ལ་གླེང་བ།

གཅིགཁྱོད་རང་ཉིད་ཀྱི་དགྲ་བོས་བསླུས་པ་ནི་རྣམ་དཔྱོད་ཀྱི་གྲོགས་ལ་ཁ་ཐག་རིང་བས་ཡིན་ལ། ཁྱོད་རང་ཉིད་ཀྱི་གྲོགས་པོས་བསླུས་པ་ནི་གཡོ་སྒྱུ་ཡི་དགྲ་ལ་མགོ་བོ་མ་བསྒུར་བས་ཡིན།གཉིས།མི་མང་བོ་ཞིག་གིས་ཁྱོད་ལ་མདུན་སོ་ཡི་འོད་མདངས་འཕོག་ཏུ་འཇུག སྐབས་དེ་དུས། འགྱུར་མི་ཉན་པ་ཁྱོད་ཀྱི་མིག་ཟུང་གི་ཁ་དོག་ཡིན་ལ། འཆད་མི་ཉན་པ་ཁྱོད་ཀྱི་སེམས་ཁོང་གི་གསང་གཏམ་ཡིན། རང་ཚུགས་འདི་ཁྱོད་ཀྱི་མིག་ཟུང་ཡིན། མིག་ཡོད་ཚེ། ངོ་གདོང་འགས་ཁྱོད་ལ་བཞའ་ཐབས་འབྲལ་ངེས།གསུམ།ཁྱོད་ཀྱི་ཡ་ཆུང་སེམས་ཁོང་ན་ཀྱག་ཀྱོག་མེད་ཅིང༌། ཁྱོད་ཀྱི་དམར་ཆུང་ལྕེ་རྩེ་རུ་འཁྱོག་གཏམ་བྲལ་ཚེ། ཁྱོད་ལ་དགོད་རོགས་ཉུང་ཡང་ངུ་རོགས་མང་ཟེར། འོན་ཀྱང༌། དུས་ཚིགས་ཤིག་གི་བཞུད་སྟངས་ལས་ཁྱོད་ཀྱི་མིག་ཟུང་ལས་མཆི་མ་ག་ཚོད་བཞུར།བཞི།ཁྱོད་ཀྱིས་རང་ཉིད་ལ་མཛུབ་མོ་གཏད་དེ། རང་གཤིས་དང་རང་ཉིད་ཀྱི་ཕུགས་བསམ་གླེང་པ་ནི། རྒྱ་སྟེང་ཞིག་གི་རང་ཉིད་ཀྱི་ལྕི་ཚད་ཁྲོམ་སྒྲོག་བྱས་པ་ཡིན་མོད། ཆེ་ཚུགས་དང་གྲགས་འདོད་མེད་ཚེ། སེམས་གཏིང་གི་ཚོར་བས་དེད་པའི་དབྱངས་རྟའི་ཚེ་སྲོག་ཁྱོད་ཀྱི་འཇིག་རྟེན་འདིའི་ཟས་རིན་དུ་རློམ་ཆོག